The Heart Sutra
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་
དགེ་འདུན་ཆེན་པོ་དང་།
བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་དུ་བཞུགས་ཏེ།
དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་
ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་
བཞུགས་སོ།།
ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་
ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་།
ཕུང་པོ་ལྔ་དེ་དག་ལ་ཡང་
རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ།།
དེ་ནས་སངས་རྒྱས་ཀྱི་མཐུས།
ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་
སྨྲས་སོ།།
རིགས་ཀྱི་བུ་གང་ལ་ལ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་
སྤྱད་པ་
སྤྱོད་པར་འདོད་པ་དེས་ཅི་ལྟར་བསླབ་པར་བྱ།
དེ་སྐད་ཅེས་སྨྲས་པ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་
སྨྲས་སོ།།
ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་
ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས་
འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ།
ཕུང་པོ་ལྔ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་
ཡང་དག་པར་ཛེ་སུ་བལྟའོ།།
གཟུགས་སྟོང་པར།
སྟོང་པ་ཉིད་ཀྱང་གཟུགས་སོ།
གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ།
སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།
དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་།
འདུ་བྱེད་དང་།
རྣམ་པར་ཤེས་པ་རྣམས་སྟོང་པའོ།།
ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ།
མཚན་མ་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་དང་བྲལ་པ་མེད་པ།
བྲི་བ་མེད་པ། གང་བ་མེད་པའོ།།
ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད།
ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད།
མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད།
སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ།།
མིག་གི་ཁམས་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་
མེད་དོ།།
དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་།
ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ།།
ཤཱ་རིའི་བུ་དེ་ལྟར་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་
མེད་པའ་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ།
སེམས་ལ་སྒྲིབ་པ་མེད་ཅིང་།
ཕྱིན་ཅི་ལོག་པ་ཤིན་ཏུ་འདས་ནས།
མྱ་ངན་ལས་འདས་ཆེན་པོའི་མཐར་ཕྱིན་ནོ།།
དུས་གསུམ་དུ་རྣམ་པར་བཞགས་པའི་སངས་རྒྱས་ཐམས་ཅད་ཀྱང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་སོ།།
དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས།
རིག་པ་ཆེན་པོའི་སྔགས།
བླ་ན་མེད་པའི་སྔགས།
མི་མཉམ་པ་དང་མཉམ་པའི་སྔགས།
སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས།
མི་བརྫུན་པས་ན་བདེན་པར་ཤེས་པར་བྱེ་སྟེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ།
ཏ་དྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ།
བོ་དྷི་སྭཱ་ཧཱ།
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ།།
དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་ལ་ལེགས་སོ་ཤེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ།།
རིགས་ཀྱི་བུ་དེ་དེ་བཞིན་ནོ།།
རིགས་ཀྱི་བུ་དེ་དེ་བཞིན་དེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་
བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ།
དེ་བཞིན་གཤེགས་པ་རྣམས་ཀྱང་ཛེས་སུ་ཡི་རང་ངོ།།
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
ཚེ་དང་ལྡན་པ་ཤཱ་རིའི་བུ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྦྱན་རས་གཟིགས་
དབང་ཕྱུག་དང་།
ཐམས་ཅད་དང་ལྡན་པའི་འཁོར་དེ་དང་།
ལྷ་དང་། མི་དང་། ལྷ་མ་ཡིན་དང་།
དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་དེ།
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་
ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།
This page hosted by
Tibet at home on the Web /
/ Revised 23 Dec '06